查看原文
其他

མི་ཀུན་གྱིས་བདེ་ཆེན་འཕོ་བའི་མྱུར་ལམ་འདི་ཤེས་ན་ཅི་མ་རུང་།

ཕེབས། 👉 Qiu1980
2024-09-29




ལེའུ་བདུན་པ།

ནང་པ་སངས་རྒྱས་པའི་འཆི་ཁའི་བྱམས་སྐྱོང་།





༧  མི་ཀུན་གྱིས་བདེ་ཆེན་འཕོ་བའི་མྱུར་ལམ་འདི་ཤེས་ན་ཅི་མ་རུང་།

འཛམ་གླིང་གི་མཐའ་མཇུག་བྱ་བ་ཞིག་འོང་བའི་ངེས་པ་མེད་ཀྱང་མི་སྒེར་གྱི་འཆི་བའི་མཐའ་མཇུག་ནི་དུས་མ་ཡིན་པར་གློ་བུར་དུ་མདུན་དུ་འོང་སྲིད།

མི་ཐམས་ཅད་ལ་མཚོན་ན་ཆོས་ལ་དད་རུང་མ་དད་རུང་འཆི་བ་ནི་གཡོལ་ཐབས་མེད་པ་ཞིག་རེད།

ཡིན་ཡང་མི་ཀུན་གྱི་འཆི་ལུགས་ནི་རྣམ་པ་སྣ་ཚོགས་པ་ལོས་ཡིན།ལ་ལ་ཞིག་ནི་མི་ལོ་དུ་མར་མལ་སར་ལྷུང་སྟེ་ནད་ཚབས་ཆེན་གྱིས་བཟུང་ནས་ཤི་ཞིང་རྒྱལ་བ་འོད་དཔག་ཏུ་མེད་པ་ཡིད་ལ་བྱེད་པ་དང་འོད་མཚན་བརྗོད་པའི་ལོང་ཡང་ཡོད།ལ་ལ་དག་ནི་གློ་བུར་དུ་དུས་མིན་པར་འཆི་བས་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་སྐད་ཅིག་གིས་མི་ཡུལ་ལས་འབྲལ་བ་རེད།དེའི་ཚེ་མྱུར་ལམ་འཕོ་བའི་ཁྲིད་འདི་ངེས་པར་སྒོམ་དགོས།

འོ་ན་མྱུར་ལམ་འཕོ་བའི་ཁྲིད་ཅེས་པ་གང་ཞེ་ན།

གལ་སྲིད་རང་རེ་ལ་ས་ཡོམ་དང་འཁོར་བགེགས།ཆུ་ལོགགཡང་དུ་ལྷུང་བ།ཐོག་གིས་རྒྱག་པ།མེ་མདས་བསྣུན་པ་སོགས་ཀྱི་ཉེན་ཁ་ལ་འཕྲད་ཚེ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་དང་བདེ་བ་ཅན་གྱི་ཞིང་གི་བཀོད་པ་སོགས་སྒོམ་པའི་ལོང་མེད་པས་དེའི་ཚེ་འཆི་ཁ་མའི་སེམས་སྐད་ཅིག་དེས་རང་གི་རྣམ་ཤེས་ཡར་ལ་འཕོ་བར་བསམ་དགོས།གལ་ཏེ་མདུན་གྱི་ནམ་མཁར་སངས་རྒྱས་འོད་དཔག་མེད་གསལ་ནས་རང་གི་རྣམ་ཤེས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་སྒོམ་ནུས་ན་ཆེས་ཤིན་ཏུ་བཟང་ཞིང་བརྒྱ་ལ་སྒོམ་མ་ཐུབ་རུང་རང་གི་རྣམ་ཤེས་ཡར་ལ་འཕོ་བར་བསམ་དགོས།

འདི་འདྲའི་འདུ་ཤེས་ལྡན་ན་དཀོན་མཆོག་གསུམ་གྱི་བྱིན་གྱིས་རླབས་པའི་མཐུས་ངན་འགྲོར་མི་སྐྱེ་བར་ཐར་བའི་གོ་འཕང་འཐོབ་ངེས།འདི་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བར་དོ་དྲུག་ཁྲིད་ལས་གསུངས་པའི་འཕོ་བའི་གདམས་ངག་བླ་ན་མེད་པ་ཞིག་རེད།

མྱུར་ལམ་འཕོ་བའི་ཐབས་འདི་ཤིན་ཏུ་སླ་མོ་ལྟར་སྣང་ཡང་དུས་ཐོག་ཏུ་སྤྱོད་ཐུབ་མིན་ནི་དུས་རྒྱུན་གོམས་པར་བྱས་མ་བྱས་ལ་རག་ལས།གལ་སྲིད་དུས་རྒྱུན་འཚོ་བའི་ནང་དུ་གནས་ཚུལ་བྲེལ་འཚུབ་ཅན་བྱུང་བའམ་ཐ་ན་རྡོག་སྣེ་ཐོགས་པའི་སྐབས་སུ་འཕྲལ་དུ་དེ་ལྟར་གསལ་འདེབས་ནུས་ན་ཡུན་རིང་གོམས་ཏེ་མཐར་གཤིས་ནུས་ཤིག་ཏུ་གྱུར་ནས་ཉིན་ཞིག་བར་ཆད་ཆེན་པོ་འབྱུང་སྐབས་སུ་ཡང་མྱུར་དུ་ཡིད་ལ་བྱེད་ནུས།དེ་མིན་པར་གོ་ལོ་ཐོས་ལོ་ཙམ་དུ་བསྐྱུར་ནས་སྦྱོང་བརྡར་གཏན་ནས་བྱེད་མ་ཐུབ་ན་འགག་རྩར་ཐུག་སྐབས་རྐང་འཚུབ་ལག་འཚུབ་ཏུ་སོང་ནས་གདམས་ངག་ཐམས་ཅད་ལུས་པ་མེད་པར་བློ་ལས་བརྗེད་ཤིན་ཏུ་སླ།

མི་ཚེ་འཕོས་ཏེ་བར་དོའི་གནས་སུ་འཁྱམས་པའི་སྐབས་སུ་གལ་སྲིད་དུས་ཐོག་ཏུ་སངས་རྒྱས་འོད་དཔག་མེད་སེམས་སུ་གསལ་ཏེ་གསོལ་བ་འདེབས་ནུས་ན་དག་པའི་ཞིང་དུ་སྐྱེ་ནུས་པས་འདི་ཡང་ཤིན་ཏུ་གལ་ཆེ། ཆགས་མེད་རིན་པོ་ཆེས་བར་དོར་འཁྱམས་པའི་ཚེ་ག་ལེར་རང་ཉིད་ཤི་ཟིན་པ་ཤེས་པར་འགྱུར་བས་དེའི་ཚེ་གལ་སྲིད་རྒྱལ་བ་འོད་དཔག་མེད་དང་བདེ་གཤེགས་མཆེད་བདུན་༼བདེ་གཤེགས་མཆེད་བདུན་གྱིས་སྔོན་བར་དོའི་ལུས་ཅན་རྣམས་སྐྱོབ་པའི་སྨོན་ལས་མཛད་དོ། །༽ལ་གསོལ་བ་འདེབས་ནུས་ན། རྒྱལ་བ་དེ་རྣམས་མངོན་སུམ་མདུན་གྱི་ནམ་མཁར་བྱོན་ནས་རྣམ་པར་དག་པའི་ཞིང་ཁམས་སུ་འདྲེན་པར་བྱེད་ཅིང་། ཡང་ན་ཉེ་བའི་སྲས་ཆེན་བརྒྱད་བྱོན་ནས་སྐྱོབ་པར་བྱེད་དོ་ཞེས་གསུངས་སོ། །

གལ་སྲིད་སྔར་ཚུལ་ཁྲིམས་འཆལ་བ་དང་དམ་ཚིག་ཉམས་པའི་སྡིག་པོ་དག་གིས་རང་ཉིད་བར་དོར་འཁྱམས་བཞིན་འདུག་པ་ཤེས་པར་མ་ཟད་སྲོག་བསྡོས་ཀྱིས་བླ་མ་དཀོན་མཆོག་གསུམ་ཡིད་ལ་བྱས་ཀྱང་ཕན་གང་ཡང་མ་ཐོགས་ན་ཇི་ལྟར་བྱེད་དགོས་ཤེ་ན། དེའི་ཚེ་བདེ་བ་ཅན་གྱི་ཞིང་ཁམས་ཏེ་ནུབ་ཕྱོགས་སུ་འགྲོའོ་ཞེས་བསམ་དགོས། ཡིན་ཡང་བར་དོར་ཉི་མ་དང་ཟླ་བའི་སྣང་བ་མེད་པས་ནུབ་ཕྱོགས་རྩ་བ་ནས་ངོས་མི་ཟིན་པས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས་དགོས། དེ་ལྟ་ན་སངས་རྒྱས་འོད་དཔག་མེད་དངོས་སུ་བྱོན་ནས་ལམ་སྣ་འདྲེན་པར་བྱེད་ངེས།

འདིར་སྨྲ་དགོས་པ་ཞིག་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འགྲོ་བའི་ལམ་དུ་སྔོན་གྱི་གཉེན་ཉེ་དགའ་བཟང་དག་ལ་འཕྲད་ནས་དེ་དག་གིས་གདུང་བ་ཆེན་པོས་ངུས་ནས་འགྲོ་ལམ་འགོག་སྲིད་པས་དེའི་ཚེ་ཤིན་ཏུ་ནས་ཀྱང་བག་ཡོད་ཀྱིས་སྒོ་ལེགས་སྡོམ་དགོས།གཉེན་ཉེ་མཛའ་གྲོགས་དེ་དག་ནི་འཁྲུལ་སྣང་གིས་བཟོས་པའི་བར་ཆད་ཡིན་ཞིང་དེས་དག་པའི་ཞིང་དུ་སྐྱེ་བ་ལ་གེགས་ཆེན་པོ་བྱེད་པས་དེ་དག་ལ་མི་ཆགས་ཤིང་དེ་དག་གི་གདུང་བའི་རེ་འབོད་ཀྱི་ཚིག་གི་དབང་དུ་མི་འགྲོ་བར་སེམས་ལ་དཔའ་བསྐྱེད་པར་བྱེད་དགོས།

གོང་དུ་འཁོད་པའི་འདའ་ཁ་མའི་གདམས་ངག་དེ་དག་བླ་ན་མེད་པ་ཤིན་ཏུ་རྙེད་དཀའ་བ་ཡིན་པས་ཀུན་གྱིས་སླ་ཆོས་སུ་མི་ལྟ་བའི་རེ་བ་ཤིན་ཏུ་ཆེ།ད་ལྟ་འདི་དག་སེམས་ཀྱིས་དང་ལེན་བྱེད་ཐུབ་མིན་ལ་མ་ལྟོས་པར་ཐོག་མར་ཡིད་ལ་དམ་པོར་བཟུང་ན་ཤིན་ཏུ་བཟང་།

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存